简体中文English

ད་ལྟའི་གནས་ཡུལ་ནི་མདུན་ཤོག > དམངས་ཁྲོད་རྩོམ་རིག > ལ་གཞས།

ལ་གཞས་མཐུན་པ་དྲུག་སྐོར་ལས། བདེ་མོའི་སྐོར།

2012-06-07 10:10:23  ༼ལ་གཞས་མཐུན་པ་དྲུག་སྐོར༽  དམངས་ཁྲོད།  ཀློག་གྲངས། 
༡ སྤྲིན་ནག་པོ་འཐིབ་ནས་ཡོང་དུས།།
འབྲུག་ཕོ་ཆུང་གྲགས་ནས་ཐོན་ཐལ།།
ཆར་བསིལ་མ་བབས་པའི་མཚམས་ལ།།
ང་འབྲུག་ཆུང་མི་འདུག་འགྲོ་ནོ་རེད།།
ང་གྲག་སའི་དགུང་སྔོན་བདེ་མོ།།
 
དབྱར་འགོ་ཚེས་ནས་ཐོན་དུས།།
བྱ་ཁུ་བྱུག་གྲགས་ནས་ཐོན་ཐལ།།
ཟླ་བདུན་པ་ཚེས་ནས་འགྲོ་དུས།།
ང་ཁུ་བྱུག་མི་འདུག་འགྲོ་ནོ་རེད།།
ང་འབབ་སའི་གསོམ་དཀར་བདེ་མོ།།
 
ཕོ་ངེད་ཚོ་རྩེས་ནས་ཡོང་དུས།།
མ་ཁྱོད་ཚོ་མཐུན་ནས་ཐོན་ཐལ།།
ཁ་བགད་དེ་རྩེས་མཚམས་ཞུ་དུས།།
ཕོ་ངེད་ཚོ་མི་འདུག་འགྲོ་ནོ་རེད།།
ང་རྩེས་པའི་ཆུང་ལོ་བདེ་མོ།།
 
༢ བྱ་ཁུ་ལོ་མི་འདུག་འགྲོ་ནོ་རེད།།
བྱེའུ་འཇོལ་མོ་མི་འགྲོ་འདུག་ནོ་རེད།།
ང་འགྲོ་བའི་འགྲོ་ལམ་འཚམས་པོ་བྱེད།།
ཁྱོད་འདུག་གི་སྐུ་ལུས་བདེ་མོ།།
 
རྟ་འདོ་བ་མི་འདུག་འགྲོ་ནོ་རེད།།
སྒ་བེ་སང་མི་འགྲོ་འདུག་ནོ་རེད།།
ང་འགྲོ་བའི་འགྲོ་བའི་འགྲོ་ལམ་འཚམས་པོ་བྱེད།།
ཁྱོད་འདུག་གི་སྐུ་ལུས་བདེ་མོ།།
 
སྟག་ཤ་ར་མི་འདུག་འགྲོ་ནོ་རེད།།
སྨན་བུ་མོ་མི་འགྲོ་འདུག་ནོ་རེད།།
ང་འགྲོ་བའི་འགྲོ་ལམ་འཚམས་པོ་བྱེད།།
ཁྱོད་འདུག་གི་སྐུ་ལུས་བདེ་མོ།།
 
༣ ཁྱོད་བདེ་མོ་གཅིག་ལ་བདེ་མོ།།
དགུང་ཨ་སྔོན་སྐུ་ལུས་བདེ་མོ།།
ཆར་བབས་པའི་ཁ་བཟང་ཅི་ལ་ཡིན།།
ཁྱོད་ཡང་གཅིག་རིམ་པས་བདེ་མོ།།
 
ཁྱོད་བདེ་མོ་གཅིག་ལ་བདེ་མོ།།
ས་དོག་མོ་སྐུ་ལུས་བདེ་མོ།།
རྩྭ་སྐྱེ་བའི་ཁ་བཟང་ཅི་ལ་ཡིན།།
ཁྱོད་ཡང་གཅིག་རིམ་པས་བདེ་མོ།།
 
ཁྱོད་བདེ་མོ་གཅིག་ལ་བདེ་མོ།།
རོགས་ཆུང་ལོ་སྐུ་ལུས་བདེ་མོ།།
རོགས་འགྲོགས་པའི་ཁ་བཟང་ཅི་ལ་ཡིན།།
ཁྱོད་ཡང་གཅིག་རིམ་པས་བདེ་མོ།།
 
༤ ཁྱོད་བདེ་མོ་གཅིག་ལ་བདེ་མོ།།
མཚོ་གཡས་རུ་གཡོན་རུ་བདེ་མོ།།
དོན་དམ་པས་ངང་བ་བདེ་མོ།།
 
ཁྱོད་བདེ་མོ་གཅིག་ལ་བདེ་མོ།།
ནགས་གཡས་རུ་གཡོན་རུ་བདེ་མོ།།
དོན་དམ་པས་འཇོལ་མོ་བདེ་མོ།།
 
ཁྱོད་བདེ་མོ་གཅིག་ལ་བདེ་མོ།།
སྡེ་གཡས་རུ་གཡོན་རུ་བདེ་མོ།།
དོན་དམ་པས་རོགས་ལོ་བདེ་མོ།།
 
༥ སྤྲིན་ནག་པོ་འཐིབ་ནས་ཡོང་དུས།།
འབྲུག་ཕོ་ཆུང་གྲགས་ནས་ཐོན་ཐལ།།
ཆར་བསིལ་མ་བབས་ཏེ་ཚར་དུས།།
ཁྱོད་འགྲོ་བའི་སྤྲིན་ནག་བདེ་མོ།།
ང་འདུག་པའི་འབྲུག་ཆུང་འཚམས་པོ་ཡིན།།
 
དབྱར་ཉི་མ་ཚ་གྲང་ཐོན་དུས།།
བྱ་ཁུ་བྱུག་གྲགས་ནས་ཐོན་ཐལ།།
དབྱར་ཉི་མ་ཚ་གྲང་འདས་དུས།།
ཁྱོད་འགྲོ་བའི་ཁུ་བྱུག་བདེ་མོ།།
ང་འདུག་པའི་ས་གཞི་འཚམས་པོ་ཡིན།།
 
ཕོ་ངེད་ཚོ་རྩེ་གི་ཡོང་དུས།།
རོགས་ཁྱོད་ཚོ་མཐུན་ནས་ཐོན་ཐལ།།
ཁ་བགད་དེ་རྩེ་ནས་ཚར་དུས།།
ཁྱོད་འགྲོ་བའི་དགའ་ལོ་བདེ་མོ།།
ང་འདུག་པའི་མ་ལོ་འཚམས་པོ་ཡིན།།
 
༦ ངའི་བློ་རྟ་གྱི་ལིང་གྲོ་རྒྱ།།
རྟ་རྟ་མང་གྲས་ནས་འགྲོ་དགོས།།
རྟ་རྟ་མང་གྲས་ནས་བུད་སོང་ན།།
ང་རྟ་ཉུང་གྲས་ནས་སྡུག་རྒྱུ་རེད།།
ངའི་ཁ་ནས་བདེ་མོ་ཤོར་རྒྱུ་རེད།།
 
ངའི་རོགས་ལོ་སྙིང་ལ་རྗེ་བོ།།
རོགས་རོགས་མང་གྲས་ནས་འགྲོ་དགོས།།
ང་རོགས་ཉུང་གྲས་ནས་སྡུག་རྒྱུ་རེད།།
ངའི་ཁ་ནས་བདེ་མོ་ཤོར་རྒྱུ་རེད།།
 
༧ ཡར་བལྟས་ཀྱི་ཙན་དན་ནགས་ན།།
བྱ་ཆ་ཡོད་ཆ་མེད་མང་གི།
བྱ་ངེད་གཉིས་ལམ་ལ་ཆས་རྒྱུ།།
ནང་བྱ་བརྒྱའི་སྐུ་ལུས་བདེ་མོ།།
 
མར་བལྟས་ཀྱི་སྡེ་ཆེན་གྲོང་ན།།
རོགས་ཆ་ཡོད་ཆ་མེད་མང་གི།
རོགས་ངེད་གཉིས་ལམ་ལ་ཆས་རྒྱུ།།
ནང་རོགས་བརྒྱའི་སྐུ་ལུས་བདེ་མོ།།
 
༨ ཡར་བལྟས་ཀྱི་སྤང་དཀར་ཀླད་ནས།།
ནང་རྟ་བརྒྱ་དུམ་གཅིག་གཤར་གི།
ངའི་བློ་རྟ་ནང་ནས་ལྷང་རེད།།
རྟ་འཛམ་གླིང་རྐྱང་ངེ་མིན་ཡང་།།
ཆགས་འཇོག་སའི་རྟ་ཞིག་མེད་གི།
རྟ་སྤང་ནས་མ་བསྡད་འགྲོ་དུས།།
ནང་རྟ་བརྒྱའི་སྐུ་ལུས་བདེ་མོ།།
 
ཡར་བལྟས་ཀྱི་སྡེ་ཆེན་མཐའ་ནས།།
ནང་རོགས་བརྒྱ་དུམ་གཅིག་རྩེ་གི།
ངའི་རོགས་ལོ་ནང་ནས་ལྷང་རེད།།
རྗེ་སེང་ཆེན་ནོར་བུ་མིན་ཡང་།།
ཆགས་འཇོག་སའི་རོགས་ཤིག་མེད་གི།
རོགས་སྡེ་ནས་མ་བསྡད་འགྲོ་དུས།།
ནང་རོགས་བརྒྱའི་སྐུ་ལུས་བདེ་མོ།།

 
དཔྱད་མཆན་འབྲི་བ། བསྡོམས་པས་དཔྱད་མཆནཡོད།
སྤེལ་མཁན། བཤེར་ཨང་།
匿名发表

འོས་སྦྱོར།

གསར་བསྒྱུར།

གླེང་སྤྲོ།

པར་དབང་ཡོད་ཚད་རིག་འབྱུང་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག

Copyright © 2012-2013 ranggrol.com All rights reserved. Powered by: tibetitw.com

E-mail:huangnanzwb@163.com QQ:515184261 Tel:0973-8722013