简体中文English

ད་ལྟའི་གནས་ཡུལ་ནི་མདུན་ཤོག > གསེར་གྱི་ཐང་མ། > ཐང་ཀ

ཐང་ཀ་བཤད་པ།

2012-10-01 21:47:27    དཀོན་མཆོག་བསྟན་འཛིན།  ཀློག་གྲངས། 

400_500_3640623620tashec.jpg

ཐང་ཀ་དངོས་བཤད་པའི་ཐོག་མར། ཐ་སྙད་དེ་ཇི་ལྟར་བྱུང་བ་དང་། དུས་ནམ་དང་ཚུལ་ཇི་ལྟ་བུས་བོད་དུ་ཐང་ཀ་བཟོ་སྲོལ་དར་བར་རགས་ཙམ་དཔྱད་པར་བྱ་བ་ལ། ལོ་རྒྱུས་སྨྲ་བ་འགའ་ཞིག་གིས། ཐ་སྙད་དེ་རྒྱ་ནག་གི་སྐད་ཀྱི་སྒྲ་ཐད་འགྱུར་ཡིན་ལ། དེའི་སྲོལ་ཡང་རྒྱ་ནག་ནས་བྱུང་བར་བཤད་མོད། ཁོ་བོས་དེ་སྔོན་ཡིད་རྟེན་དུ་རུང་བའི་ལོ་རྒྱུས་ཁུངས་བཙན་མ་མཐོང་བས་འདི་ནི་འདི་འོ་ཞེས་སྨྲ་བའི་སྤོབས་པ་ཞུམ་མོད། འོན་ཀྱང་དེ་ལ་བསམ་དགོས་པ་ཞིག་ཀྱང་སྣང་སྟེ། བོད་ཀྱི་ལོ་རྒྱུས་ཆེན་མོ་ཁག་ལས། རྒྱལ་པོ་སྲོང་བཙན་ཀྱི་དུས། བློན་པོ་མགར་གྱིས་རྒྱ་བཟའ་ཀོང་ཇོ་བོད་དུ་སྤྱན་འདྲེན་པ་དང་ལྷན་དུ། ཇོ་བོ་ཤཱཀྱ་མུ་ནེ་དང་བཟོ་སྣ་བཅོ་བརྒྱད་ཀྱི་དཔེ། སྨན་དཔྱད་ཆེན་མོ་དང་། རྩིས་ཀྱི་པོར་ཐང་བརྒྱད་ཅུ་རྣམས་ཀྱང་བོད་དུ་དྲངས། ཕན་ཚུན་སློབ་མ་དང་བཟོ་རྩལ་པ་མངགས་སོ་ཞེས་བྱུང་བ་དང་། ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་བཞེངས་སྐབས་དར་ཐང་ཆེན་མོ་གསུམ་བཞེངས་ཚུལ་བཤད་ལ། དེ་ལ་ལོ་རྒྱུས་འགའ་ཞིག་ཏུ་སི་ཐང་ཞེས་ཀྱང་པྲི་སྣང་མོད་སྒྲ་འགྱུར་ལ་སི་ཐང་དང་། དོན་འགྱུར་ལ་དར་ཐང་ཞེས་བརྗོད་པ་ཡིན་ནམ་སྙམ་དུ་དཔྱད་དོ། །གང་ལྟར་ཡང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གོང་དུ་བོད་ལ་ཐང་ཀ་བཞེངས་སྲོལ་དར་བ་ཤིན་ཏུ་གསལ་ལོ། །

ཐང་ཀ་ལ། སྐྱ་ཐང་དང་། ཚོན་རྫོགས། ཐང་ནག མཚལ་ཐང་། གསེར་ཐང་། གོས་སྐུ། གོས་སྐུ་འབུར་མ། འཚེམ་ཐང་། འཐག་ཐང་། མུ་ཏིག་གི་ཐང་ཀ ཕྱིས་སུ་དར་བའི་ཆུ་རིས་མ། ཕྱི་གླིང་ལུགས་ཀྱི་འབུར་ཚུགས་ཅན་སོགས་ཡོད་པ་ལས།

སྐྱ་ཐང་ནི། རས་གཞི་དཀར་པོའི་སྟེང་དུ་སྐྱ་རིས་བྲིས་ཟིན་པ་དང་ཐོག་མར་ཚོན་གྱིས་གནམ་ས་དབྱེ་བར། མཐིང་དང་ཡང་ན་རམ་གྱི་ཁ་ཆུ་དྭངས་མས་ནམ་མཁའ་མདངས། དེ་ནས་སྤང་གི་ཁ་ཆུ་དྭངས་མས་ས་གཞི་མདངས། དེ་ནས་རྒྱབ་ནས་མདུན་གི་རིམ་པ་བཞིན་ཚོན་བྱུག་ལ། མདངས་ཀྱི་གཙོ་བོ་བྱས་ཤིང་བྱུག་ཚོན་སླ་ཞིང་དྭངས་བ་སྐྱ་ཐང་གི་ཁྱད་ཆོས་ཡིན།

ཚོན་རྫོགས་ནི། སྐྱ་རིས་གྲུབ་ཟིན་པ་དང་མཐིང་སྐྱ་གར་སླ་རིམ་པ་གསུམ་ཡན་དུ་སྦྱོར་ནས་ནམ་མཁའ་ལ་འོག་ནས་གྱེན་དུ་རིམ་བཞིན་ཚོན་མ་སྐམ་ཙམ་དུ་རློན་མདངས་ཀྱིས་ཚོན་སྐྱ་བ་ནས་གར་བར་གར་སླའི་མཚམས་མི་མངོན་པར་བྱ། ས་གཞི་ལའང་སྤང་སེར་གྱི་སྤང་སྐྱ་སོགས་ཀྱིས་གོང་བཞིན་བྱ། བྱུག་ཚོན་སྐྱ་ཐང་ལས་གར་ཞིང་མཐུག་པས། སྣུམ་ཞིང་བཀྲག་མདགས་ཆེ་བ་ཚོན་རྫོགས་ཀྱི་ཁྱད་ཆོས་སོ། །

ཐང་ནག་ལ་གཉིས་ཏེ། རས་གཞིར་སྣག་ལེགས་པར་བྱུག་པའི་སྟེང་དུ་གསེར་གྱི་རི་མོ་ཉམས་དང་ལྡན་པ་བྲིས་པ་ལ། སྤྱན་ཙམ་མ་གཏོགས་པའི་རི་མོ་གཞན་ལ་ཕལ་ཆེར་ཚོན་གཞན་མེད་པ་ཞིག་དང་། ཡང་རས་གཞི་གོང་ལྟར་ལ་སྐུ་ཤ་དང་མེ་ཏོག་དཀར་དམར་སོགས་རེ་འགའ་ལ་ཚོན་སླ་ཞིང་སྙོམས་པར་བྱུག གཞན་ཐམས་ཅད་ལ་ཚོན་གྱིས་རེ་རེ་བཞིན་མདངས་ཁོ་ནས་གྲུབ་པར་བ། དེའི་སྟེང་དུ་གསེར་བཟང་པོས་བཅད་ལེགས་པར་དྲངས་ནས་གྲུབ་པ་སྟེ། ཚོན་དྭངས་ལ་གསལ་བ་ཚོན་ལྡན་གྱི་རྭ་ཤེལ་ལ་བལྟས་པ་དང་མཚུངས་པ། སྣུམ་ཞིང་བརྗིད་ཆགས་པ། བཅད་རིས་གྲིམ་ཞིང་མཉེན་པ། གོས་ཆེན་གྱི་རི་མོ་སོགས་ལ་ཞིབ་ཚགས་ཆེ་བ་རིན་ཆེན་དང་པོའི་འོད་ཀྱིས་མིག་མདོག་འཕྲོག་པ་སྟེ། གོང་གི་ཐང་ཀ་རིགས་གཉིས་ལས་འགྲོ་སོང་དང་དཀའ་ཚེགས་ཆེ་བས་སྔོན་གྱི་བྱ་གསུམ་གྲག་ལ་སོགས་རིན་ཐང་དང་ལྡན་པའི་ཐང་ཀ་ཕལ་ཆེ་བ་ནི་གོང་དུ་སྨྲས་པ་བཞིན་བྲིས་པའི་ཐང་ནག་ཡིན་པར་སྣང་། བྱ་གསུམ་གྲག་ནི། དཔྱིད་ཀའི་ཁུ་བྱུག་ཐོག་མར་གྲག་པ་ནས་ཕྱིར་ལོ་དེ་དུས་ཀྱི་བར་དུ་ལོ་ཧྲིལ་པོ་ཞིག་བྲིས་པ་ལ་བ་གཅིག་གྲག་ཅེས་བརྗོད་ཅིང་དེ་ལྟར་བརྩིས་པའི་ལོ་གཉིས་བྲིས་པ་ལ་གཉིས་གྲག་དང་། ལོ་གསུམ་བྲིས་པ་ལ་བྱ་གསུམ་གྲག་སྟེ་བྱ་གསུམ་གྲག་གི་ཐང་ཀ་ཞེས་པ་དེ་དོན་དུ་ཐང་ཀ་འདི་བཟོ་བོ་མཁས་པས་རིན་པོ་ཆེ་དུ་མས་མི་ལོ་ཧྲིལ་པོ་གསུམ་དུ་བྲིས་ནས་གྲུབ་པའི་རྟེན་འགངས་ཆེན་ཞིག་གོ་ཞེས་པའི་དོན་ནོ། །ཐང་ནག་སྔ་མ་ནི་ཁྲོ་བོ་དང་སྲུང་མ་སོགས་བྲིས་ན་རྔམས་བརྗིད་ཆེ། ཕྱི་མ་ནི་ཞི་དྲག་གང་ཞིག་བྲིས་ཀྱང་རུང་ལ། ཞི་བའི་སྐུ་དྭངས་ཤིང་མཛེས་པ་ཁྲོ་བོའི་སྐུ་རྔམས་ཤིང་བརྗིད་པའི་ཁྱད་ཆོས་ཡོད།

མཚལ་ཐང་ནི། རས་གཞི་དཀར་པོའི་སྟེང་དུ་མཚལ་ལེགས་སྙོམ་པར་བྱུགས་པའི་ཐོག་གསེར་གྱི་རི་མོ་ཐང་ནག་གི་བཅད་རིས་དང་མཚུངས་པ་བྲིས་པ་དེ་ཡིན།

གསེར་ཐང་ལ་རྣམ་པ་མང་སྟེ། རིགས་ལྔ་དབུ་རྒྱན་སོགས་པ་ཏྲ་རིགས་ཀྱི་རྒྱན་ཐམས་ཅད་དང་། ན་བཟའི་གོས་ཆེན་གྱི་རི་མོ་དང་། སེང་ཁྲིའི་པ་ཏྲ་དང་། ཁང་བཟང་གི་རྒྱ་ཕིབས་སོགས་གསེར་ལས་བྱས་ཤིང་། གཞན་ཐམས་ཅད་ཚོན་ཐང་དང་མཚུངས་པ་དང་། མཚལ་ཐང་ལས་ལྡོག་སྟེ་རས་གཞིའི་སྟེང་དུ་གསེར་ལེགས་པར་བྱུག་པའི་སྟེང་། མཚལ་ལ་སོགས་རིན་པོ་ཆེའི་རིགས་ཀྱིས་རི་མོ་ཉམས་དང་ལྡན་པས་གྲུབ་པ་དང་། ནམ་མཁའ་དང་ས་གཞི། ལྗོན་ཤིང་དང་མེ་ཏོག་སོགས་ལས་གཞན་གྱི་ཚོན་ཕལ་ཆེར་གསེར་བྱུགས་པའི་སྟེང་དུ་མཚལ་གྱི་རི་མོ་བྲིས་པ་སོགས་རྒྱས་བསྡུས་དང་ཚུལ་ནི་ཡོན་བདག་སོ་སོའི་འབྱོར་བ་ལ་བསྟེན་ནས་བཞེངས་པའོ། །དེའི་ཁྱད་ཆོས་ནི། རྒྱུ་གསེར་དང་མཚལ་ལེགས་གཙང་སྤང་གཙང་མཐིང་ལ་སོགས། རིན་པོ་ཆེ་ལས་གྲུབ་པའི་བཟོ་རིགས་ཀྱི་དངོས་པོ་དཀོན་ཞིང་རིན་ཐང་ཆེ་བ་དང་། གསེར་ཐང་འབྲི་མཁན་གྱི་བཟོ་བོ་ནི་ལག་རྩལ་མཐོ་ཤོས་ཤིག་ཡིན་ངེས་པ་སྟེ་ལྷ་བཟོ་དཀྱུས་མ་ཞིག་ལ་ནི་གསེར་ཐང་འབྲིར་འཇུག་མི་སྲིད་པས། ཕལ་ཆེར་སྒྱུ་རྩལ་གྱི་ཚད་མཐོན་པོ་ལྡན་པ་དང་། གསེར་ཐང་དེ་ཉིད་ཐང་ཀ་མང་པོའི་གྲལ་དུ་བཤམས་ན། སྣུམ་བརྗིད་ཀྱིས་ཐང་ཀ་གཞན་དག་གི་བཀྲག་མདངས་ཟིལ་གྱིས་གནོན་པ་སོགས་ཀྱི་ཁྱད་ཆོས་ཡོད་དོ། །

གོས་སྐུ་ལ་རིགས་བཞི་སྟེ། དྲས་དྲུབ་ཀྱི་གོས་སྐུ་དང་། གོས་སྐུ་འབུར་མ་དང་། འཚེམ་ཐང་། འཐག་ཐང་བཞི་ལས། དྲས་(ལྷན)དྲུབ་གོས་སྐུ་ནི། ཤོག་གུའི་སྟེང་ཆེ་ཆུང་གང་འདོད་པའི་སྐུ་བྲིས་ནས་ཆུ་ཚོན་གྱིས་ཚོན་མདོག་དབྱེ་ཐུབ་ཙམ་བྱུགས། ཚོན་གྱི་ཁ་དོག་གིས་དབྱེ་མཚམས་ནས་དྲས་ནས་ཕྲལཏེ། རང་རང་གི་ཁ་དོག་དང་མཚུངས་པའི་གོས་ཆེན་གྱིས་སྟེང་དུ་ཀླན་ནས་དྲུབ་མཚམས་ཀྱི་ཚད་ཙམ་ཆེ་རུ་བཅུག་སྟེ་ཇི་ལྟ་བ་བཞིན་དུ་དྲས་མཐར། ལེགས་པར་བརྒྱང་བའི་རས་གཞིའི་སྟེང་དུ་མི་ཡོ་བའི་ཐབས་སུ་ཐིག་གདབ། མི་འཆུགས་པའི་ཐབས་སུ་གོང་གི་ཤོག་གུའི་རི་མོ་དང་མཚུངས་པའི་སྐྱ་རིས་ཆེ་ཚུགས་ཙམ་བྲིས་པའི་སྟེང་དུ་མི་འགུལ་བར་སྦྱར། བཅད་ཀྱི་ཚབ་ཏུ་སྟོང་སྐུད་དང་གསེར་སྐུད་སོགས་ཀྱིས་ཚོན་གྱི་ཟུར་ནོན་པར་དྲུབ། མདངས་ཀྱི་ཚབ་ཏུ། ཁ་དོག་ཅིག་ལ་གར་སླ་མི་གཅིག་པའི་གོས་སྣ་མང་ཙམ་མཐུད། གསེར་རིས་ཀྱི་ཚབ་ཏུ་གསེར་སྐུད་སྦོམ་ཕྲ་སྣ་ཚོགས་ཀྱིས་དྲུབ། གོས་ཆེན་གྱི་རི་མོའི་ཚབ་ཏུ། གོས་ཆེན་གསེར་རིས་ཅན་གྱིས་བྱེད། དྲས་དྲུབ་ཀྱི་གོས་སྐུ་ལ་རི་མོ་མང་པོ་བྱ་དཀའ་མོད་དེའི་དོད་དུ་གོས་ཆེན་རི་མོ་ཅན་གྱིས་ཚབ་བྱེད་པ་ཡིན་པས་སྒྲིག་སྦྱོར་མཁས་མིན་གྱིས་ཁྱད་པར་ཤིན་ཏུ་ཆེའོ། །

གོས་སྐུ་འབུར་མ་ནི། བཟོ་ཐབས་ཕལ་ཆེ་གོང་དང་མཚུངས་པ་ལ་འབུར་དུ་དོད་པའི་ཐབས་སུ་རས་གཞི་དང་གོས་ཆེན་གཉིས་ཀྱི་བར་དུ་རས་བལ་སྦྱར་མའི་གོས་དང་འདྲ་བའི་སྲིང་བལ་དང་ཤིང་བལ་སོགས་འབུས་མི་གནོད་པའི་བལ་བཅུག་འབུར་གཤོང་གི་ཁྱད་པར་ལ་སྲིང་བལ་མང་ཉུང་དང་བཅད་སྐུད་གྲིམ་ལྷོད་བྱ། སྐུ་དེ་དག་ནི་ཕྱེད་ཙམ་འབུར་བ་སྟེ་གོས་ཆེན་དྲ་དུས་ཤོག་དཔེ་ལས་ཆེ་ཙམ་དགོས་མོད་འབུར་སྐུའི་ཆ་ཚོད་ཀྱི་ཕྱེད་ཙམ་ཚོད་ཟིན་པར་བྱ་ལ། གོས་ཆེན་མཐུག་པོས་འབུར་སྐུ་བཟོ་དཀའ་བས། སྲབ་མཐུག་རན་པ་ཞིག་དགོས་པར་བཤད་དོ། །སྤྱིར་གོས་སྐུ་དེ། ལྷ་ཆེ་ཞིང་རི་མོ་ཉུང་བའི་གྲས་ལ། འཚམ་ཞིང་ཁྱད་ཆོས་ཡོད་མོད་ཀྱང་། རི་མོ་ཞིབ་ཅིང་ལྷ་གྲངས་མང་བ་ལ་ནི་བྱ་དཀའོ། །

འཚེམ་ཐང་ལ་ཁ་ཅིག་གིས་གཙགས་སྐུའང་ཟེར། དེ་ནི་ཀ་ཤི་ཀ་ལ་སོགས་ཀྱི་རས་དང་རི་མོ་མེད་པའི་གོས་ཆེན་གྱི་སྟེང་དུ་ཚོན་སྐུད་སྣ་ཚོགས་ཀྱིས་འཚེམ་དྲུབ་བྱས་ནས་གྲུབ་པ་སྟེ། ཕལ་ཆེ་བོད་ཀྱི་ཐང་ཀའི་མ་དཔེ་རྒྱ་ནག་ཏུ་ཁྱེར་ནས་རྒྱ་ནག་གི་འཚེམ་དྲུབ་མཁན་གྱིས་ལག་རྩལ་ལས་ཐོན་པ་ཡིན་ལ། དེའི་ལག་རྩལ་བོད་དུ་ཆེས་མ་དར་བ་འདྲ་ཡང་། བཟོ་རིགས་ཀྱི་དངོས་པོ་ནི་མདོ་ཁམས་དབུས་གསུམ་ཀུན་ཏུ་ཁྱབ་པར་ཡོད་དེ། བཟོ་འདིའི་ལག་ཤེས་པ་རྣམས་ནི་འཚེམ་དྲུབ་ཀྱི་ལག་རྩལ་ལ་ཤིན་ཏུ་བྱང་བས། རས་གཞིའི་སྟེང་དུ་སྐྱ་རིས་ཙམ་ཡང་འབྲི་མི་དགོས་ལ་གདན་འཐག་པ་ཡང་འདྲ་བ་མ་དཔེ་ཞིག་མདུན་དུ་བཤམས་ནས་ཇི་ལྟ་བ་བཞིན་དུ་འཚེམ་ཐུབ་པ་ཡིན་ནོ། །

འཐག་ཐང་ནི། རྒྱ་ནག་གི་གོས་ཆེན་འཐག་པ་དང་མཚུངས་ཤིང་། དེང་དུས་ཀྱི་འཕྲུལ་འཁོར་ལས་བཟོས་པའི་སངས་རྒྱས་སྟོང་སྐུ་ལ་སོགས་མགྱོགས་ཤིང་རིན་གོང་ཆུང་། འོན་ཀྱང་ཁ་དོག་སོགས་འཚེམ་ཐང་ལས་ཞན་པས་རྩིས་མཐོང་ཆེན་པོ་མི་བྱེད་དོ། །

མུ་ཏིག་གི་ཐང་ཀ་ནི། ཡང་བཞེངས་པར་བྱ་བའི་སྐུ་བརྙན་གྱི་རི་མོ་དང་ཁ་དོག་ལྟར་གཡུ་བྱུ་རུ་མུ་མེན་སོགས་རིན་པོ་ཆེ་བསྟར་ལ་བརྒྱུས་པའི་བར་དུ་མུ་ཏིག་གི་སྐུ་བརྙན་མཚན་པ་རས་གཞིའི་སྟེང་དུ་ཕྲ་བཏབ་པ་བཞིན་བཀོད་པས་ཐང་ཀའི་གྲས་སུ་བགྲངས་ཤིང་། རིན་ཐང་ཆེ་ཞིང་འཇིག་རྟེན་ནའང་ཆེས་དཀོན་པའི་བཟོ་རིག་པའི་དངོས་པོ་ཞིག་གོ། །

ཆུ་རིས་མ་ནི། རྒྱ་ནག་གི་སྣག་ཆུའི་རི་མོ་ཞེས་ཕྱིས་སུ་དར་བའི་སྲོལ་རྒྱུན་རི་མོ་དེ་ཡིན་པ་གོར་མ་ཆག་ཀྱང་། རྒྱ་ནག་གི་འབྲི་གཞི་ཕལ་ཆེར་ཤན་ཊི་ཞེས་པའི་ཤོག་གུ་བྱེ་བྲག་ཞིག་གི་ཐོག་ཏུ་བྲིས་ཤིང་རི་མོ་ལ་ཤིན་ཏུ་བྱང་བ་ཞིག་ཡིན་དགོས་ལ་ཡང་མདངས་སྐྱར་མདངས་མི་བྱེད་པ་ནི་རི་མོ་དེའི་ཁྱད་ཆོས་ཡིན་ཡང་བོད་དུ་དར་བ་འབྲི་གཞི་རས་གཞི་ཡིན་པ་དང་། ཕལ་ཆེར་རི་མོའི་ཕྱི་ཚུལ་ཙམ་ལ་དཔེ་བྱས་ནས་བྲིས་པ་ལས་ཇི་བཞིན་པ་མ་སྦྱངས་པའི་མངོན་རྟགས་སུ་བོད་ཀྱི་མདངས་ཐབས་ཁོ་ནས་གྲུབ་པའི་རྒྱ་ནག་གི་རི་མོའི་ཚུགས་ཅན་ཞིག་སྣང་བས་སོ། །རི་མོ་འདི་བོད་དུ་དར་ཡུན་མི་རིང་བ་དང་། བོད་ཀྱི་མཛེས་སྣང་གི་ལྟ་བ་དང་ཅུང་མི་མཐུན་པ་སོགས་ཀྱིས་རེ་འགའ་ལས་དར་རྒྱས་ཆེར་མ་བྱུང་བ་འདྲ། ཐང་ཀ་འབུར་ཚུགས་ཅན་ནི། ཕྱི་གླིང་པའི་བཟོ་རྒྱུན་དང་བོད་རིས་ཟུང་འབྲེལ་དུ་བྲིས་ཤིང་། ཕལ་ཆེར་དུས་རབས་བཅུ་དགུ་པའི་ནང་དུ་བོད་རིས་མཁས་པ་ཨ་མདོ་བྱམས་པ་དང་། ཁམས་དཔལ་སྤུངས་དགོན་གྱི་བཟོ་རིག་སྨྲ་བའི་དབང་པོ་ཐང་བླ་ཚེ་དབང་གིས་བྲིས་པ་རྣམས་ཐོག་མ་ལྟར་སྣང་ཞིང་། ཁྲི་དང་ན་བཟའི་རི་མོ་ཐམས་ཅད་བོད་རིས་ལ། ཤ་ཚུགས་ཕྱི་གླིང་པའི་ལུགས་སུ་བྲིས་པ་ཞིག་སྟེ། དེ་གཉིས་ཟུང་འབྲེལ་དུ་བྲིས་པའི་རི་མོ་མིག་ལ་མཛེས་ཤིང་། ཁྱད་པར་བླ་སྐུ་དག་ལ་བླ་མ་དེ་དངོས་སུ་མཇལ་བའི་སྣང་པ་ཤར་ནུས་པའི་ཁྱད་ཆོས་ཡོད།

སྤྱིར་ཐང་ཀ་ནི་བོད་ཀྱི་བཟོ་དངོས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ་ཁྱབ་རྒྱ་ཆེ་བ་ཙམ་དུ་མ་ཟད། རིན་ཐང་གཞལ་དུ་མེད་པའི་བཟོ་རིག་པའི་དངོས་པོ་མང་པོ་བཞུགས་ཏེ། དཔེར་ན་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་བཞུགས་པའི་ཐང་སྐུའི་རྟེན་གཙོ་རྒྱལ་པོ་སྲོང་བཙན་ཡབ་ཡུམ་ཀྱི་ཐང་རྙིང་མེ་ཐུབ་མ་དང་། དྭགས་ལྷ་སྒམ་པོའི་རྗེ་བཙུན་ཙོང་ཁ་པའི་ཐུགས་དམ་གྱི་རྟེན་བྲིས་ཐང་ཐུབ་པ་གསོ་སྦྱོང་མ་དང་། ལྷོ་བྲག་སྐུ་སྐྱེ་བསྟན་འཛིན་ནོར་བུས་བྲིས་པའི་རྒྱུད་བཞིའི་ཐང་ཀ་བརྒྱད་ཅུ་སོགས་དང་། སྡེ་དགེ་དཔལ་སྤུངས་དང་དབང་པོ་ལྷ་སྟེང་གི་ཐང་ནག་སྒྱུ་རྩལ་རིན་ཐང་བྲལ་བ་རྣམས་དང་། དགའ་ལྡན་གསེར་ཐང་ཆེན་མོ་དང་། ཁམས་སྡེ་དགེ་དཔལ་སྤུངས་དགོན་དུ་བཞུགས་པའི་བཀའ་བརྒྱུད་གསེར་ཕྲེང་གི་གསེར་ཐང་སོགས་གསེར་ཐོག་བཞག་གམ་གསེར་ལེབ་བྱུགས་ཀྱི་ཐང་ཀ་རྣམས་དང་། བཀྲ་ཤིས་ལྷུན་པོའི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་གྱི་འཚེམ་ཐང་བཟོ་རྩལ་འགྲན་ཟླ་དང་བྲལ་བ་རྣམས་དང་། འབྲི་མཐིལ་འོག་མིན་བྱང་ཆུབ་གླིང་གི་ཨ་ཕྱི་དཀོར་མཛོད་ཆེན་མོའི་ནང་དུ་རྒྱ་ནག་གོང་མས་ཀརྨ་པཀྵི་ལ་ཕུལ་བའི་རྒྱལ་བ་མི་ཕམ་མགོན་པོའི་གོས་སྐུ་ལྷུ་ལག་བཅུ་གཅིག་ཡོད་པ་བོད་ཙམ་ན་ཆེ་བ་སོགས་འཚེམ་ཐང་གི་རིགས་དང་། བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས་པའི་སྐུ་སྐྱེ་བསྟན་འཛིན་རྒྱ་མཚོས་བཞེངས་པའི་བྱམས་པའི་གོས་སྐུ་ཆེན་མོ། དར་མདོ་རྡོ་རྗེ་བྲག་གི་གུ་རུ་མཚན་བརྒྱད་ཀྱི་གོས་སྐུ་ཆེན་མོ་སོགས་དགོན་སྡེ་ཁག་གི་གོས་སྐུ་ཆེན་མོ་དང་། སྐུ་འབུམ་གྱི་གོས་སྐུ་འབུར་མའི་གནས་བཅུའི་ཐང་ཀ་ཁག་དང་། ཁྲ་འབྲུག་སྒྲོལ་མ་ལྷ་ཁང་དུ་མུ་ཏིག་གི་ཐང་ཀ་སྤྱན་རས་གཟིགས་སེམས་ཉིད་ངལ་གསོའི་སྐུ་ཐང་དང་། འབྲི་མཐིལ་འོག་མིན་བྱང་ཆུབ་གླིང་གི་མུ་ཏིག་ཐང་ཀ་སོགས་མུ་ཏིག་ལས་བསྒྲུབས་པའི་ཐང་ཀ་རྣམས་དང་། དཔལ་སྤུངས་ཀྱི་རྗེ་བཙུན་མི་ལའི་སྐུ་ཐང་ཆུ་རིས་མ་དང་། ཁམས་དཀར་མཛེས་སྟོང་འཁོར་དགོན་གྱི་གནས་བརྟན་ཆུ་རིས་མ་སོགས་སྣག་མདངས་འབའ་ཞིག་ལས་གྲུབ་པའི་ཐང་ཀ་ཁག་དང་། མཚལ་ཐང་ནི་བོད་ཁམས་ཀུན་ཏུ་ཁྱབ་པ་དང་། གཞན་ཡང་སྔོན་བྱོན་མཁས་གྲུབ་རྣམས་ཀྱིས་ཕྱག་སོར་འདུ་བྱེད་ལས་བྱུང་བའི་ཐང་སྐུ་རྩ་ཆེན་ཡང་མང་སྟེ། དྭགས་ལྷ་སྒམ་པོའི་སྒམ་བདེ་རྩེའི་གཟིམ་ཆུང་དུ་བཞུགས་པའི་སྒྲ་སྒྱུར་མར་པའི་ཕྱག་བྲིས་ནཱ་རོའི་སྐུ་ཐང་དང་། དྭགས་ལྷ་སྒམ་པོའི་མགོན་ཁང་དུ་མཉམ་མེད་དྭགས་པོ་ལྷ་རྗེའི་ཕྱག་བྲིས་མགོན་པོ་གཙོ་འཁོར་དང་བཅས་པ་ཡེ་ཤེས་པ་མངོན་སུམ་བཞུགས་པར་གྲགས་པ་དང་། དགའ་ལྡན་བྱང་རྩེའི་གཟིམ་ཁང་དུ་མཁས་གྲུབ་རྗེའི་ཕྱག་བྲིས་གཤིན་རྗེ་གཤེད་དམར་གྱི་སྐུ་ཐང་དང་། དགོན་ལུང་རྒྱུད་ཁང་དུ་རྒྱལ་དབང་དགེ་འདུན་གྲུབ་ཀྱིས་ཕྱག་བྲིས་སྒྲོན་གསལ་དཔེ་མཁས་གྲུབ་རྗེས་རབ་གནས་མཛད་པ་དང་། དགོན་པ་དེའི་ལྷ་མོ་བླ་བྲང་གི་ནང་རྟེན་གཙོ་བོ་ལྷ་མོའི་སྐུ་ཐང་སྨན་ཐང་པའི་ཕྱག་བྲིས་དང་། ཁམས་དཔལ་སྤུངས་དགོན་དུ་བཞུགས་པའི་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་བྲིས་སྐྱེས་རབས་དཔག་བསམ་འཁྲི་ཤིང་སོགས་དང་། སྐུ་འབུམ་དུ་བཟོ་རྒྱལ་བི་ཤྭ་ཀརྨའི་རྣམ་འཕྲུལ་དུ་བསྔགས་པ་ཆེ་ཤེས་བློ་བཟང་བཤེས་གཉེན་གྱི་ཕྱག་བྲིས་ཐང་ཀ་ཁག་སོགས་བགྲངས་ཀྱིས་མི་ལང་པ་བཞུགས་པ་ལས་དཔེ་བརྗོད་ཀྱི་ཚུལ་དུ་འགའ་ཞིག་བཀོད་པ་ལས། ཞིབ་མོ་དགོན་པ་གཅིག་གི་ཐང་ཀ་ཡང་ངོ་སྤྲོད་དཀའ་ན། གངས་ཅན་ཡོངས་ཀྱི་ཐང་སྐུ་ནི་དེ་བས་ཀྱང་བརྗོད་པར་མི་ནུས་སོ། །
 

དཔྱད་མཆན་འབྲི་བ། བསྡོམས་པས་དཔྱད་མཆནཡོད།
སྤེལ་མཁན། བཤེར་ཨང་།
匿名发表

གསར་བསྒྱུར།

གླེང་སྤྲོ།

པར་དབང་ཡོད་ཚད་རིག་འབྱུང་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག

Copyright © 2012-2013 ranggrol.com All rights reserved. Powered by: tibetitw.com

E-mail:huangnanzwb@163.com QQ:515184261 Tel:0973-8722013